ཨ་རིའི་སྲིད་འཛིན་ཊྲམ་དང་བྱང་ཀོ་རི་ཡའི་གཙོ་འཛིན་ཀིམ་ཇོང་ཨུན་གཉིས་དབར་གྱི་ཚོགས་འདུ་ཐེངས་གཉིས་པའི་ཆེད་ཧ་ནོའི་དུ་མཇལ་འཛོམས་གནང་ཡོད་པ་རེད། ཇི་ལྟར་ཀྱང་། དབུ་ཁྲིད་གཉིས་ཀ་ནས་རྣམ་འགྱུར་བཟང་པོ་ཞིག་མངོན་གྱི་ཡོད་ནའང་སིང་ག་པོར་དུ་འཚོགས་པའི་ཚོགས་ཆེན་དང་མི་འདྲ་བར་ཧ་ནོའི་ཡི་ཚོགས་ཆེན་འདི་བཞིན་མཉམ་འདུས་བསྒྲགས་གཏམ་གང་ཡང་མེད་པར་མཇུག་སྒྲིལ་བ་རེད།
སིང་ག་པོར་དུ་ཚོགས་ཆེན་ཐོག་མ་འཚོགས་སྐབས་དབུ་ཁྲིད་གཉིས་ཀས་གཙོ་གནད་གསལ་བསྒྲགས་བཞི་ཐག་གཅོད་བྱས་ཡོད་པ་ནི། ཞི་བདེ་དང་གོང་འཕེལ་གྱི་ཆེད་དུ་འབྲེལ་ལམ་གསར་པ་འཛུགས་རྒྱུ་དང་། རྒྱུན་གནས་བརྟན་ལྷིང་གི་སྲིད་དབང་ཞིག་འཛུགས་རྒྱུ། བྱང་ཀོ་རི་ཡར་ཉིང་རྡུལ་གཏན་ནས་མེད་པ་བཟོ་རྒྱུ། དམག་འཁྲུགས་ཀྱི་བཙོན་པ་བརྗེ་རེས་བྱ་རྒྱུ་བཅས་ཡིན་པ་རེད། ཨ་རིས་རང་གི་མཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ལྷན་དུ་དམག་སྦྱོང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།
འདི་དག་ལ་འགྲེལ་བཤད་རྒྱག་སྟངས་སྣ་ཚོགས་ཤིག་ཡོད་པ་ནི་ཨ་རིས་བྱང་ཀོ་རི་ཡར་རྡུལ་ཕྲན་རྩ་མེད་བཟོ་དགོས་པའི་སྐུལ་བཅག་བྱེད་ཀྱི་ཡོད་པ་དང་། ཕྱོགས་མཚུངས་པི་ཡོང་ཡང་ཕྱོགས་ནས་ཨ་རིའི་ངོས་ནས་ལྷོ་ཀོ་རི་ཡ་ནས་དམག་དཔུང་ཁྲི་ ༣ མ་ཟིན་ཙམ་ཞིག་ཕྱིར་འཐེན་བྱེད་པ་ཙམ་མ་ཡིན་པར་མངའ་ཁུལ་དུ་འགྲེམས་འཇོག་བྱས་པའི་ཉིང་རྡུལ་མཚོན་ཆ་དང་གླིང་གཅད་འཕུར་མདེལ་འམ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ནང་འགྲེམས་འཇོག་བྱས་པའི་གོ་མཚོན་རྣམས་ཕྱིར་འཐེན་བྱེད་དགོས་པའི་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། སྐུ་ཞབས་ཊྲམ་གྱིས་སིང་ག་པོར་དང་ཧ་ནོའི་གཉིས་ཀའི་ཚོགས་ཆེན་ཐོག་སྐད་ཆ་དེར་དང་ལེན་བྱས་མེད་པ་རེད།
ཨ་རིའི་ཕྱོགས་ནས་བཤད་ན་བྱང་ཀོ་རི་ཡའི་ནང་ཉིང་རྡུལ་བཟོ་བསྐྲུན་དང་། ཆ་རྐྱེན། རྒྱུ་ཆ། མཁོ་སྤྲོད་མ་ལག་བཅས་ཡོངས་རྫོགས་རྩ་བ་ནས་མེད་པ་བཟོ་འདོད་བྱེད་ཀྱི་ཡོད་པ་རེད། བྱང་ཀོ་རི་ཡས་དགོས་འདུན་འདིར་ཡ་ལན་གྱི་ཐོག་ནས་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ནང་རྒྱལ་སྤྱིའི་རྟོགས་ཞིབ་པ་མགྲོན་འབོད་བྱས་པའི་ཐོག་ནས་པུང་གྷེ་རི་ཉིང་རྡུལ་ས་ཁུལ་གཏོར་བཤིགས་བཏང་ཡོད་པ་རེད། ཇི་ལྟར་ཀྱང་། བྱང་ཀོ་རི་ཡའི་ངོས་ནས་ཉིང་རྡུལ་གསོག་འཇོག་མང་དུ་གཏང་རྒྱུའི་རྒྱུ་ཆ་མཁོ་བསྒྲུབ་མུ་མཐུད་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།
ཀིམ་གྱི་ངོས་ནས་བཤད་ན་མཉམ་སྦྲེལ་རྒྱལ་ཚོགས་ནས་བཀལ་བའི་ཉེས་ཆས་དེ་དག་གུ་ཡངས་ཡོང་རྒྱུ་དང་སྤྱི་ལོ་ ༡༩༥༠ ལོ་ནས་ཀོ་རི་གཉིས་དབར་བྱུང་བའི་དམག་འཁྲུགས་ཀྱི་རྐྱེན་པས་ཀོ་རི་ཡའི་གླིང་ཕྲན་ནང་གི་འཁྲུགས་འཛིངས་དེ་མཇུག་སྒྲིལ་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་པ་རེད། བྱང་ཀོ་རི་ཡར་བཀལ་བའི་ཉེས་ཆས་དེ་དག་ཀྱང་ཨུ་རུ་སུ་དང་ལྷག་པར་དུ་སྤྱི་ལོ་ ༡༩༦༣ ལོ་ནས་བྱང་ཀོ་རི་ཡའི་དྲག་དམག་མཐུན་གྲོགས་ཡིན་པ་རྒྱ་ནག་བཅས་བཅས་ཚུད་པའི་མཉམ་སྦྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་ཀྱི་འཐུས་ཚབ་རྒྱལ་ཁབ་གཞན་རྣམས་ཀྱི་མོས་མཐུན་བྱས་པ་ཞིག་ཆགས་ཡོད། རྒྱ་ནག་གིས་བྱང་ཀོ་རི་ཡར་དགོས་མཁོ་ཆེ་བའི་མཐུན་རྐྱེན་ཁ་ཤས་ས་མཚམས་དང་མཚོ་ཐོག་ནས་མཁོ་སྤྲོད་བྱས་ནས་ཉེས་ཆས་ཀྱི་སྒྲིག་གཞི་ལས་འགལ་བའི་སྐྱོན་བརྗོད་ཀྱང་བྱུང་ཡོད་པ་རེད།
སྐུ་ཞབས་ཊྲམ་གྱིས་གནད་དོན་དེ་ཉིད་བྱང་ཀོ་རི་ཡའི་ཉིང་རྡུལ་མཚམས་འཇོག་དང་འབྲེལ་བ་བཟོས་སྟབས་ཧ་ནོའི་ཚོགས་ཆེན་དེ་བཞིན་ཉེས་ཆས་གཡུ་ཡངས་གཏང་རྒྱུའི་ཐོག་ལ་གྲོས་མཐུན་གང་ཡང་མེད་པར་མཇུག་སྒྲིལ་ཡོད་པ་རེད། གནད་དོན་འདི་ཉིད་ཕྱོགས་གཉིས་དབར་གྱི་ཐུག་ས་གཙོ་བོ་དེ་ཆགས་ཡོད་པ་ལྟར་སྣང་བ་དང་གནད་དོན་འདིའི་ཐད་ལ་གྲོས་མོལ་བྱེད་པར་ལོ་དང་ཟླ་བ་མང་པོ་འགོར་རྒྱུ་ཡིན་པའི་བསམ་ཚུལ་ཐོན་གྱི་ཡོད་པ་རེད།
ཊྲམ་དང་ཀིམ་གཉིས་ཀས་ཞི་བའི་གྲོས་མཐུན་གང་རུང་ཞིག་གི་ཐོག་ནས་སྐབས་འཕྲལ་དམག་འཁྲུགས་མཚམས་འཇོག་གྲོས་མཐུན་གཞུང་འབྲེལ་ཐོག་མཚམས་འཇོག་བྱ་རྒྱུའི་གནད་དོན་དང་རྒྱལ་ཁབ་ཕན་ཚུན་དུ་སྐུ་ཚབ་ལས་ཁུངས་འཛུགས་རྒྱུ་བཅས་ཀྱི་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད། འདིའི་ཐོག་ནས་འབྱུང་འགྱུར་དུས་ཚོད་ནང་ཕྱོགས་གཉིས་དབར་གཞུང་འབྲེལ་མིན་པའི་འབྲེལ་མཐུད་མུ་མཐུད་གནང་རྒྱུ་མ་ཟད་འབྲེལ་མཐུད་དེ་བཞིན་ཕྱོགས་གཉིས་དབར་ལ་ཆེས་དགོས་མཁོ་ཆེ་བའི་ཆབ་སྲིད་ཀྱི་ཡིད་ཆེས་བསྐྲུན་རྒྱུར་གལ་གནད་ཆེན་པོ་ཆགས་ཡོད་པ་རེད། དེ་ལྟ་ནའང་། རྣམ་འགྱུར་བཟང་པོ་ཞིག་གི་མཚོན་བྱེད་དུ་བྱང་ཀོ་རི་ཡས་སིང་ག་པོར་གྱི་ཚོགས་ཆེན་མ་ཚུགས་གོང་ལ་ཨ་རིའི་བཙོན་པ་གསུམ་གློད་གྲོལ་བཏང་ཡོད་པ་རེད།
བྱང་ཀོ་རི་ཡའི་གསར་འགྱུར་རྒྱུད་ལམ་ཁག་གིས་རྒྱལ་ཁབ་གཉིས་ཀས་ཡིད་ཆེས་མ་བྱེད་པ་དང་། ལོག་རྟོགས། དྲག་རྩུབ། ལག་ལེན་རྙིང་པ་བཅས་མེད་པ་བཟོས་ནས་མུ་མཐུད་བགྲོ་གླེང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་བཤད་ཡོད། ཊྲམ་གྱིས་མཇལ་འཕྲད་གནང་ས་ནས་ཤར་ཐོན་བྱས་པ་དང་ཀིམ་གྱིས་མུ་མཐུད་ཉིན་གཅིག་བསྡད་པ་དེའི་ཐོག་ནས་ཀིམ་ལྷོད་དལ་ཆེ་བའི་སྣང་ཚུལ་བྱུང་ཡོད། གལ་གནད་ཆེ་བ་ཞིག་ལ་སིང་ག་པོར་གྱི་ཚོགས་ཆེན་དང་མི་འདྲ་བར་ཧ་ནོའི་ཚོགས་ཆེན་གྱི་གྲོས་མོལ་གྱི་ཐོག་ནས་ཀིམ་གྱི་ཆེ་མཐོང་སྔར་བས་ཆེ་བ་བྱུང་ཡོད་པ་རེད།
ཐོག་མའི་སྐད་ཆར་བྱང་ཀོ་རི་ཡས་ཡིད་རྟོན་འཕེར་ངེས་ཀྱི་ཉིང་རྡུལ་མཚམས་འཇོག་དགོས་ཞེས་པ་དེ་ཉིང་རྡུལ་དང་འཕུར་མདེལ་ཚོད་ལྟ་གསར་པ་བྱེད་མི་ཆོག་ཅེས་པར་འགྱུར་བ་ཕྱིན་པའི་སྣང་ཚུལ་ཞིག་ཐོན་ཡོད། འདིའི་ཐོག་ནས་ཨ་རིའི་སྐད་ཆེ་ལྟེ་བ་དེ་ཉིང་རྡུལ་ཡོངས་སུ་མཚམས་འཇོག་བྱེད་དགོས་པ་དེ་ཡིན་ཀྱང་བྱང་ཀོ་རི་ཡའི་ད་ཡོད་ཀྱི་ཐབས་བྱུས་ནུས་སྟོབས་རིམ་པས་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་དེར་འཁོན་ཡོད་པ་རེད།
བྱང་ཀོ་རི་ཡས་འབྲེལ་ལམ་རྣམས་རྒྱུན་གཏན་དུ་བསྒྱུར་རྒྱུ་དང་གོ་ལ་གཅིག་གྱུར་གྱི་རྒྱུད་རིམ་ནང་འཛུལ་བཞུགས་བྱ་རྒྱུ་བཅས་ཀྱི་ཐབས་ལམ་ཆེད་ཝེ་ཊི་ནམ་གྱི་དཔལ་འབྱོར་དཔེ་མཚོན་ལག་བསྟར་བྱེད་སྲིད་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཇི་ལྟར་ཀྱང་། སྐུ་ཞབས་ཊྲམ་གྱིས་བྱང་ཀོ་རི་ཡ་དེ་ཉིད་དཔལ་འབྱོར་གྱི་སྟོབས་ཤུགས་ཅན་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་དེ་དོན་སྨིན་བྱུང་མེད་པ་རེད།
རྒྱ་གར་གྱིས་ཀྱང་ཐོག་མར་ཀོ་རི་ཡའི་དམག་འཁྲུགས་ལངས་ནས་ལོ་ ༦༠ འཁོར་བའི་མཛད་སྒོར་གྲོས་ཚོགས་ཀྱི་འཐུས་མི་གསུམ་བཏང་བ་དང་ཨ་རི་དང་བྱང་ཀོ་རི་ཡའི་དབར་གྱི་གནས་ཚུལ་ངེས་གཏན་མེད་པའི་དུས་སྐབས་དེར་རྗེས་སུ་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཝི་ཀེ་སིང་མཆོག་གིས་པི་ཡོང་ཡང་དུ་ཕྱོགས་ཕེབས་གནང་བ་བཅས་བྱས་ཡོད། དྷི་ལི་གསར་པས་སེམས་འཚབ་བྱེད་ས་གཙོ་བོ་དེ་བཞིན་པི་ཡོང་ཡང་དང་ཨི་སི་ལམ་མ་བྷད་དབར་ལ་ཉིང་རྡུལ་དང་འཕར་མདེལ་འབྲེལ་ལམ་མེད་པ་བཟོ་རྒྱུ་དང་། ཀོ་རི་ཡའི་གླིང་ཕྲན་ནང་ཞི་བདེ་དང་བརྟན་ལྷིང་མཐོར་གོང་མཐོར་གཏང་རྒྱུ། པི་ཡོང་ཡང་དང་ལྷན་དུ་ཐུན་མོང་ལ་ཁེ་ཕན་ཡོད་པའི་འབྲེལ་ལམ་འཛུགས་རྒྱུ་བཅས་ཆགས་ཡོད་པ་རེད། འདི་དག་ཕྱིར་སྐབས་འཕྲལ་རརིང་ངང་སྒུག་བྱེད་དགོས་པ་ཞིག་ཆགས་ཡོད།
མ་ཟིན། པོར་ཕེ་སར་སྲི་ཀནྟ་ཀོན་ད་པ་ལི། ཇེ་ཨེན་ཡུ་ཡི་ཤར་ཨེ་ཤི་ཡའི་ལྟེ་གནས་ཀྱི་ཚོགས་གཙོ།