ཨ་མི་རི་ཀས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཐ་དག་རྩ་མེད་བཟོ་རྒྱུའི་ཐག་གཅོད་ནས་ཕྱིར་བཤིག་བྱས་ཡོད། ན་ནིང་ལོའི་ཟླ་ ༧ ནས་བཟུང་ཨ་རིས་ཏ་ལི་བྷན་དང་ལྷན་དུ་གྲོས་མོལ་ལ་བཞུགས་ཡོད། གྲོས་མོལ་དེའི་སྐོར་ཐེངས་ ༦ པ་དེ་བཞིན་གཟའ་འཁོར་སྔ་མའི་ནང་ཀ་ཏར་གྱི་རྒྱལ་ས་དྷོ་ཧ་རུ་ཚུགས་ཡོད་པ་དང་ད་དུང་ཡང་མུ་མཐུད་འགྲོ་བཞིན་ཡོད། ད་བར་གྲོས་མོལ་དེ་དག་གི་ཐོག་ནས་གྲུབ་འབྲས་གང་ཡང་བྱུང་མེད། གྲོས་མོལ་ཆེད་ཀྱི་ཨ་རིའི་དམིགས་བསལ་སྐུ་ཚབ་ཛལ་མེ་ཁ་ལི་ཛད་ཡིས་བཤད་པ་ལྟར་ན་གྲོས་མོལ་དེ་དག་རྒྱུད་ནས་ཨབ་གྷ་ནི་སི་ཏན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་། འཇིགས་སྐུལ་རིང་ལུགས་ཐོག་ལ་ཁག་ཐེག ཆབ་སྲིད་འགྲིག་འཇག་ཆེད་ཨབ་གྷན་སྲིད་གཞུང་དང་ཏ་ལི་བྷན་དབར་གྲོས་མོལ་ཡོང་བ་བྱ་རྒྱུ། རྒྱུན་གནས་དམག་འཁྲུགས་མཚམས་འཇོག་བྱ་རྒྱུ་བཅས་ཀྱི་ཐག་གཅོད་ཡོང་རྒྱུ་ཡིན་པ་རེད།
ཨ་རི་དེ་བཞིན་ཨབ་གྷ་ནི་སི་ཏན་ནང་ཐད་ཀར་ཐེ་གཏོགས་ཆགས་པའི་དུས་ཚོད་དེ་ལོ་ངོ་ ༡༧ གྱི་གོང་ལ་སྟེ་འཇིགས་སྐུལ་བས་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་ཚོང་ལས་ཁང་རྩེགས་ལ་གཏོར་རྒོལ་བྱས་པའི་ལོ་སྟེ་སྤྱི་ལོ་ ༢༠༠༡ ལོ་ནས་ཡིན་པ་རེད། དེའི་རྗེས་སུ་ཨ་རིས་འཇིགས་སྐུལ་རིང་ལུགས་ཐོག་ལ་དམག་འཐབ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཨ་རིས་ཨལ་ཀི་ཌ་དང་ཨ་རིར་གཏོར་རྒོལ་བྱེད་མཁན་ལྟེ་བར་ངོས་འཛིན་བྱས་པ་ཨོ་ས་མ་བྷིན་ལ་ཌེན་བཅས་ལ་རྡུང་རྡེག་གཏང་རྒྱུའི་དམ་བཅའ་བཞག་ཡོད། མ་ཟད་འཇིགས་སྐུལ་ཚོགས་པ་གསར་པ་མ་ཡོང་བའི་ཆེད་དུ་ཨལ་ཀི་ཌར་སྡོད་གནས་སྤྲད་མཁན་ཏ་ལི་བྷན་དང་དེའི་འགོ་ཁྲིད་རྣམས་ཨབ་གྷ་ནི་སི་ཏན་ནས་རྩ་མེད་བཟོ་རྒྱུུའི་ཁྱབ་བསྒྲགས་ཀྱང་བྱས་ཡོད།
ད་བར་ཝ་ཤིང་ཊོན་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཐ་དག་རྩ་མེད་བཟོ་རྒྱུའི་ཐག་གཅོད་གསལ་འདོན་ཡང་སེ་བྱས་ཡོད། འོན་ཀྱང་ན་ནིང་ལོར་འཇིགས་སྐུལ་བ་ཁ་ཤས་ཡག་པོ་ཡོད་པའི་བསམ་ཚུལ་ཞིག་བཟུང་སྟེ་དེ་སྔའི་དམ་བཅའ་ནས་ཕྱིར་བཤོལ་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད། ཨ་རིར་མཚོན་ན་འཇིགས་སྐུལ་བ་ནི་འཇིགས་སྐུལ་བ་ཁོ་ན་ཡིན་པ་ལས་འཇིགས་སྐུལ་བ་ཡག་པོ་དང་སྡུག་པོ་ཞེས་དབྱེ་རྒྱུ་མེད་པའི་ཉམས་མྱོང་ཐེངས་མང་བསགས་ཡོད། འཛམ་གླིང་ཁྱོན་ཡོངས་སུ་འཇིགས་སྐུལ་བ་ཡག་པོ་དང་སྡུག་པོར་དབྱེ་བ་དེ་བཞིན་བསམ་གཞིགས་ནན་པོ་བྱས་པ་ཞིག་མ་ཡིན་པར་དེའི་ཐོག་ནས་འཛམ་གླིང་ནང་འཇིགས་སྐུལ་བ་རྩ་མེད་བཟོ་རྒྱུའི་ཆོད་སེམས་ཤུགས་ཆུང་དུ་གཏང་གི་ཡོད་པའི་ཚོར་བ་ཞིག་སྟེར་གྱི་ཡོད་པ་རེད། དེ་ལས་ལྡོག་སྟེ་བྱེད་སྟངས་འདིའི་ཐོག་ནས་འཇིགས་སྐུལ་བའི་གཏོར་རྒོལ་སྔར་བས་མང་བ་ཡོང་རྒྱུའི་རྒྱུ་ཞིག་ཆགས་རྒྱུ་ཡིན་པ་རེད།
ཨ་རིས་ན་ནིང་ལོར་ཏ་ལི་བྷན་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་འདི་ལོའི་ལོ་སྟོད་དུ་ཨབ་གྷ་ནི་སི་ཏན་ནང་སྒྲིག་འཇོག་བྱས་པའི་ཨ་རིའི་དམག་མི་སྟོང་ཕྱག་བཅོ་ལྔ་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། ཐག་གཅོད་དེར་ཨ་རི་རང་གི་ནང་ལའང་སྐྱོན་བརྗོད་བྱེད་མཁན་ཤུགས་ཆེ་བྱུང་བ་མ་ཟད་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊི་སི་ལས་གནས་ནས་དགོངས་ཞུ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། སྐྱོན་བརྗོད་དེ་ཡང་གཙོ་བོ་དོན་ཚན་གཉིས་ལ་གནས་པ་ནི་དམག་མི་ཕྱིར་འཐེན་བྱ་རྒྱུ་དེ་རིམ་བསྣར་གྱིས་བྱེད་དགོས་པ་དང་ཝ་ཤིང་ཊོན་ཕྱོགས་ནས་འཇིགས་སྐུལ་རིང་ལུགས་རྩ་སྟོང་མ་ཕྱིན་བར་མུ་མཐུད་དྲག་རྩུབ་རྒྱུན་འཁྱོང་བྱེད་དགོས་པ་དེ་རེད།
ཨོ་ས་མ་བྷིན་ལ་ཌེན་སྤྱི་ལོ་ ༢༠༡༡ བར་ཡིབ་སྡོད་བྱས་ཐུབ་པ་བྱུང་ཡང་ཏ་ལི་བྷན་གྱིས་ཨབ་གྷ་ནི་སི་ཏན་ལ་དབང་བསྒྱུར་བྱེད་མཚམས་གཅད་རྒྱུའི་ཐད་ལ་ཨ་རིར་གྲུབ་འབྲས་སོན་ཡོད་པ་རེད། ཇི་ལྟར་ཀྱང་། གློ་བུར་དུ་ཨ་རིས་དོ་སྣང་བྱེད་ས་དེ་ཨི་རག་ལ་ཁ་ཕྱོགས་ནས་མཐའ་མ་ ༢༠༠༣ ལོར་ཨི་རག་དམག་འཁྲུགས་བྱུང་བ་དང་མཐའ་མཇུག་ཏུ་ IS དང་དེའི་རྒྱལ་ཁམས་ཐོན་ཡོད།
རྒྱབ་ལྗོངས་གནས་ཚུལ་འདི་དང་ཨབ་གྷ་ནི་སི་ཏན་གྱི་མི་སེར་ཕོན་ཆེ་ཞིག་ད་དུང་ཡང་ཏ་ལི་བྷན་གྱི་དབང་ཤུགས་འོག་ལ་ཡོད་པའི་རྒྱུ་མཚན་གྱིས་ད་ལྟའི་གནས་སྐབས་ལ་ཨ་རིས་རྒྱལ་ཁབ་དེ་ནས་དམག་དཔུང་ཕྱིར་འཐེན་བྱས་ན་མི་འགྲིག་པ་ཞིག་ཆགས་ཡོད། ཨབ་གྷན་ནི་སི་ཏན་གྱི་ས་འབྲེལ་ཁྱིམ་མཚེས་པ་ཀི་སི་ཏན་གྱིས་འཇིགས་སྐུལ་རིང་ལུགས་དེ་བཞིན་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱི་ལག་ཆ་ཞིག་བཟོས་ཡོད་པ་དང་ཁ་བྷུལ་ནང་ཕ་ཀི་སི་ཏན་ལ་ཕན་ཐོགས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱ་རྒྱུའི་མངོན་འདོད་ཞིག་ཡོད་པར་རྟེན་དེ་བས་ཀྱང་མི་འགྲིག་པ་ཞིག་རེད། པ་ཀི་སི་ཏན་གྱིས་ཐབས་ཅི་དྲག་གི་ཐོག་ནས་མུ་མཐུད་དེ་ལྟར་བྱ་ཐབས་བྱ་རྒྱུ་ཡིན་པ་དང་དེའི་ཐོག་ནས་མངའ་ཁུལ་ལ་བདེ་འཇགས་མེད་པ་བཟོ་རྒྱུ་ལས་མེད། མ་སུད་ཨ་ཛར་རྒྱལ་སྤྱིའི་འཇིགས་སྐུལ་བའི་ཐོ་གཞུང་དུ་བཀོད་པ་དེའི་ཐོག་ནས་པ་ཀི་སི་ཏན་གྱིས་འཇིགས་སྐུལ་རིང་ལུགས་ཐོག་ལ་ལག་ལེན་བསྟར་བདེ་རུ་ཕྱིན་ཡོད་པ་རེད།
གནས་ཚུལ་འདི་དག་ལ་རྟེན་ནས་ཝ་ཤིང་ཊོན་གྱི་ཕྱིར་བཤིག་བྱ་རྒྱུའི་ཐད་ལ་བསྐྱར་དུ་བསམ་གཞིགས་བྱེད་དགོས་པ་དང་འཛམ་གླིང་ནང་འཇིགས་སྐུལ་བའི་རྣམ་པ་ཐ་དག་རྩ་མེད་བཟོ་རྒྱུའི་དམ་བཅའ་ལ་གནས་དགོས་ཀྱི་ཡོད་པ་རེད། མ་ཟད་སྟོབས་ཆེན་རྒྱལ་ཁབ་རྣམས་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་འཇིགས་སྐུལ་ཁ་གཏད་ཐབས་ལམ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏང་དགོས་ཀྱི་ཡོད་པ་རེད། འཛམ་གླིང་རྒྱལ་ཁབ་རྣམས་ཀྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ལ་རྒྱ་གར་གྱིས་དགོས་འདུན་བཏོན་པའི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཐོག་ལ་འཐུས་ཚང་གྲོས་མཐུན་བཞག་རྒྱུུར་ཁས་ལེན་བྱས་ཡོད། འདིའི་ཐོག་ནས་རྒྱལ་ཁབ་རྣམས་ཀྱིས་ས་བབ་ཆབ་སྲིད་དང་དེ་མིན་བསམ་གཞིགས་གང་ཡང་མེད་པའི་ཐོག་ནས་ཆིག་སྒྲིལ་ཐོག་འཇིགས་སྐུལ་རིང་ལུགས་ལ་བློ་ཐག་ཆོད་པའི་འཐབ་འཛིང་བྱེད་པའི་ཆ་རྐྱེན་ཞིག་བསྐྲུན་གྱི་ཡོད་པ་རེད།
མ་ཟིན། ཇེ་ཨེལ་ཀོལ་ཇ་ལ་ལི། ཆབ་སྲིད་འགྲེལ་བརྗོད་པ།