པ་ཀི་སི་ཏན་དང་ཨབ་གྷ་ནི་སི་ཏན་གཉིས་ནས་ས་བབ་ཆགས་ཚུལ་གྱི་ཐོག་ནས་མངའ་ཁུལ་གྱི་འབྲེལ་མཐུད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། དབུལ་ཕོངས་ངལ་སེལ། མི་དམངས་ཀྱི་བདེ་སྡུག་བཅས་ཀྱི་ཆེད་དུ་དཔལ་འབྱོར་གྱི་དོན་སྙིང་ངོ་འཕྲོད་ཐུབ་པ་བྱ་རྒྱུ་བཅས་ནས་ཁེ་ཕན་བླང་རྒྱུའི་འབད་བརྩོན་བྱ་རྒྱུའི་ཐག་གཅོད་བྱས་ཡོད།
ཨབ་གྷན་གྱི་སྲིད་འཛིན་ཨ་ཤ་རཕ་གཱ་ནི་མཆོག་གིས་པ་ཀི་སི་ཏན་གྱི་སྲིད་བློན་ཨིམ་རན་ཁན་ལ་ཁ་པར་ཞིག་བཏང་ཡོད། དབུ་ཁྲིད་རྣམ་གཉིས་ནས་ཨབ་གྷན་དང་མངའ་ཁུལ་ནང་གི་ཞི་བདེ་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་རྣམས་ཚུད་པའི་ཕྱོགས་གཉིས་ཀྱི་གནས་དོན་སྣ་མང་ཞིག་གི་ཐོག་ལ་བསམ་ཚུལ་བརྗེ་རེས་བྱས་ཡོད།
ཨབ་གྷན་གྱི་སྲིད་འཛིན་དང་པ་ཀི་སི་ཏན་གྱི་སྲིད་བློན་གཉིས་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྣམས་ཤུགས་ཆེ་རུ་གཏང་རྒྱུ་དང་། ཨབ་གྷ་ནི་སི་ཏན་དང་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ནང་ཞི་བདེ་སླར་གསོ་བྱ་རྒྱུ་བཅས་བྱས་ཡོད། རྒྱལ་ཁབ་གཉིས་ཀའི་ནང་དྲག་སྤྱོད་པའི་གཏོར་རྒོལ་བྱུང་བཞིན་པ་དེ་དག་གི་འགན་ཁག་དཀྲི་རེས་བྱེད་པའི་ཐུན་མོང་གི་སྐྱོན་འཛུགས་ཐོག་ནས་ཕན་ཚུན་ཡིད་ཆེད་མེད་པ་དང་དྭོགས་འཆར་ལོ་མང་བྱས་པ་བཅས་ཀྱིས་ཨི་སི་ལམ་མ་བྷད་དང་ཀ་བྷུལ་དབར་གྱི་འབྲེལ་ལམ་ལ་སྐྱོན་ཆ་བཟོས་ཡོད།
སྲིད་བློན་ཨིམ་རན་ཁན་གྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཆེད་དུ་རྒྱལ་ཁབ་གཉིས་ཀའི་དབུ་ཁྲིད་ཀྱི་དམིགས་ཡུལ་དེ་ཞི་བདེ་བསྐྲུན་རྒྱུ་དང་། དཔལ་འབྱོར་གྱི་བྱེད་སྒོ་འཕེལ་རྒྱས་གཏང་རྒྱུ། མངའ་ཁུལ་གྱི་འཕེལ་རྒྱས་ཆེད་འབྲེལ་མཐུད་ཤུགས་ཆེ་རུ་གཏང་རྒྱུ་བཅས་ལ་ཕན་ཐོགས་པ་ཞིག་དགོས་ཚུལ་བཤད་ཡོད།
ཇི་ལྟར་ཀྱང་། ཞི་བདེ་ཞིག་བསྐྲུན་པར་བྱེད་པ་ལ་པ་ཀི་སི་ཏན་ངོས་ནས་བསམ་བློ་གཏང་བ་ལས་ལྷག་པ་ཞིག་བྱེད་དགོས་པ་ཆགས་ཡོད། ཁ་བྷུལ་སྲིད་གཞུང་ལ་མཚོན་ན་པ་ཀི་སི་ཏན་གྱི་ (ISI) དང་། པ་ཀི་སི་ཏན་སྒྲིག་འཛུགས་ཀྱིས་གསོ་སྐྱོང་བྱས་པའི་ཧག་ཁ་ནི་ཚོགས་པ་གཉིས་ཀྱི་རྒྱུན་ཆད་མེད་པའི་གཉའ་གནོན་འོག་ལ་གནས་ཡོད་པ་རེད། ད་བར་པ་ཀི་སི་ཏན་ལ་རྟེན་གཞི་བྱས་པ་དང་པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་ཚོགས་པ་རྣམས་ཀྱིས་ཨབ་གྷ་ནི་སི་ཏན་ནང་དྲག་སྤྱོད་སྣ་ཚོགས་ཤིག་སྤེལ་ཡོད་པ་རེད།
རྒྱ་གར་འདི་ཉིད་ཨབ་གྷན་མི་དམངས་ལ་ཕན་ཐོགས་བྱེད་མཁན་རླབས་ཆེན་ཞིག་ཆགས་ཡོད། རྒྱ་གར་གྱིས་ཨ་སྒོར་ཐེར་འབུམ་ ༢ ལྷག་གི་འཕེལ་རྒྱས་ལས་འཆར་སྤེལ་རྒྱུ་བྱས་ཡོད། རྒྱ་གར་གྱིས་ཨབ་གྷན་མི་དམངས་ཀྱི་ཆེད་དུ་སྨན་ཁང་དང་། སློབ་གྲྭ སྦྱིང་བརྡར་བསྟི་གནས། གཞུང་ལམ། ཆུ་མཛོད་བཅས་བསྐྲུན་ཡོད། རྒྱ་གར་ལས་མི་རྣམས་ཀྱིས་ལས་འཆར་འདི་དག་གི་ཐོག་ལ་ལས་ཀ་བྱེད་ཞོར་རང་ཉིད་ཀྱི་མི་ཚེ་དེ་གར་བསྐྱལ་ཡོད། མ་ཟད་རྒྱ་གར་གྱིས་ཨབ་གྷན་སློབ་ཕྲུག་རྣམས་ལ་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་གི་ནང་སློབ་སྦྱོང་ཆེད་སློབ་ཡོན་སྤྲད་ཡོད་པ་རེད།
རྒྱ་གར་ལ་མཚོན་ན་ཨབ་གྷན་ནང་ཞི་བདེ་རྒྱུན་གནས་ཡོང་ཆེད་རྒྱལ་ཁབ་དེའི་ནང་དྲག་སྤྱོད་པ་ཡོང་དུ་ཆུག་མི་རུང་བའི་བསམ་ཚུལ་བརྟན་པོ་ཡོད་པ་རེད། སྤྱི་ལོ་ ༢༠༠༡ ལོར་ཏ་ལི་བྷན་མགོ་རྟིང་ལོག་པ་ནས་བཟུང་ཨབ་གྷ་ནི་སི་ཏན་གྱི་མང་གཙོ་དེ་བརྟན་པོ་ཞིག་བྱུང་མེད། ཨབ་གྷན་ནི་སི་ཏན་ནང་གི་མང་གཙོ་དེ་བརྟན་པོ་བཟོ་རྒྱུའི་ལས་འགན་ཨབ་གྷན་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཡོད་པ་རེད།
དེ་ལས་ལྡོག་སྟེ། པ་ཀི་སི་ཏན་ནང་རྟེན་གཞི་བྱས་པའི་དཔུང་སྡེ་རྣམས་ཀྱིས་དུས་ནས་དུས་སུ་ཨབ་གྷ་ནི་སི་ཏན་ནང་གི་མང་གཙོ་གཏོར་བཤིག་གཏང་རྒྱུའི་འབད་བརྩོན་བྱས་ཡོད། ཀ་བྷུལ་སྲིད་གཞུང་གི་ངོས་ནས་ཀྱང་དྲག་སྤྱོད་ཚོགས་པ་དེ་དག་ལ་འཐབ་འཛིང་བྱ་རྒྱུའི་དཔུང་ཤུགས་སྒྲིལ་ཐུབ་མེད། པ་ཀི་སི་ཏན་གྱིས་མཐུན་འགྱུར་བྱས་པའི་ཏ་ལི་བྷན་དང་ཨ་རིའི་དབར་གྱི་ཉེ་འཆར་གྲོས་མོལ་དེ་རྙོག་དྲྭ་འཕར་མ་ཞིག་ཆགས་ཀྱི་ཡོད།
པ་ཀི་སི་ཏན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐ་དག་ཐོག་འཐུས་ཚང་གྲོས་མོལ་བྱ་ཕྱིར་སྲིད་འཛིན་གཱ་ནི་ལ་མགྲོན་འབོད་བསྐྱར་དུ་བྱས་ཡོད། སྐུ་ཞབས་ཨིམ་རན་ཁན་དང་སྲིད་འཛིན་གཱ་ནི་གཉིས་དབར་གྱི་གྲོས་མོལ་མཐའ་མ་དེ་བཞིན་ཨབ་གྷན་འཇིགས་སྐུལ་བས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་ར་བ་བསླང་བཞིན་པའི་པ་ཀི་སི་ཏན་གྱི་དམག་མི་བཞི་བསད་པའི་རྗེས་ཀྱི་ཉིན་གྲངས་བཞིའི་རྗེས་སུ་བྱུང་ཡོད།
ཨབ་གྷན་དང་པ་ཀི་སི་ཏན་གྱི་དཔུང་དམག་དབར་ལ་འཐབ་འཁྲུགས་མི་མཐུད་བྱེད་བཞིན་ཡོད། ཟླ་འདིའི་འགོ་སྟོད་དུ་ཨབ་གྷན་ནང་རྟེན་གཞི་བྱས་པའི་དམག་མི་རུ་ཁག་ཅིག་གིས་བྱང་ཝ་རི་ཛི་སི་ཏན་རྫོང་གི་ཨལ་ཝ་ར་ས་ཁུལ་ནང་ཡོད་པའི་པ་ཀི་སི་ཏན་གྱི་དམག་དཔུང་ལ་རྒོལ་རྡུང་བྱས་ཏེ་པ་ཀི་སི་ཏན་གྱི་དམག་མི་བདུན་བསད་ཡོད་པ་རེད།
ཆབས་གཅིག ཨ་རི་དང་ཏ་ལི་བྷན་གཉིས་ནས་ཨབ་གྷན་ནང་གི་ཞི་བདེ་མཐོར་འདེགས་བྱ་རྒྱུའི་འབད་བརྩོན་དང་དྲག་སྤྱོད་ཚོགས་པ་རྣམས་ལ་ཨབ་གྷན་གྲོས་མོལ་ནང་མཉམ་བཞུགས་བྱ་རྒྱུའི་སྐུལ་མ་ཞུ་ཆེད་ཀ་ཏར་གྱི་དྷོ་ཧ་རུ་གྲོས་མོལ་འཕར་མ་ཞིག་བྱས་ཡོད།
ཨ་རིའི་དམིགས་བསལ་སྐུ་ཚབ་ཛལ་མེ་ཁ་ལིལ་ཛད་ཡིས་ཀ་ཏར་གྱི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་གྱེན་ལོག་པའི་འགོ་ཁྲིད་རྣམས་དང་གྲོས་མོལ་ཆེད་ཨ་རིའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཡོད་པ་རེད། ཏ་ལི་བྷན་གྱི་འབྲེལ་ཡོད་ནས་བཤད་པར་གཞིགས་ན་གྲོས་མོལ་དེའི་ཐོག་ནས་ཟླ་སྔོན་མའི་ནང་ཚོགས་པའི་གྲོས་མོལ་ཐེངས་གཉིས་ཀྱི་ཞིབ་ཕྲའི་བཀཌྷ་མོལ་ལྷག་འཕྲོས་རྣམས་མཇུག་སྐྱོང་བྱ་རྒྱུའི་དམིགས་རྒྱུ་ཡིན་པ་རེད། གྱེལ་ལོག་རུ་ཁག་རྣམས་ནས་གནད་དོན་གཞན་རྣམས་ཀྱི་ཐོག་ལ་གླེང་མོལ་བྱ་བྱེད་སྔོན་ལ་ཨབ་གྷན་ནང་གི་ཨ་རིའི་དཔུང་དམག་རྣམས་ཕྱིར་འཐེན་བྱ་རྒྱུའི་སྔོན་འགྲོའི་གནད་དོན་ཐག་གཅོད་བྱུང་དགོས་ཀྱི་ཡོད་པ་རེད། ཚོགས་འདུ་དངོས་སུ་མ་ཚོགས་གོང་ལ་སྐུ་ཞབས་ཁ་ལིལ་ཛད་ཡིས་ཏ་ལི་བྷན་གྱི་ཆབ་སྲིད་འབྲེལ་ལམ་གྱི་དབུ་ཁྲིད་གཞོན་པ་དང་། དྷོ་ཧ་རུ་ཡོད་པའི་ཚོགས་པ་དེའི་གཞུང་འབྲེལ་མ་ཡིན་པའི་ལས་ཁུས་ཀྱི་འགན་འཛིན་མུ་ལཧ་ཨབ་དུལ་གཱ་ནི་བྷ་ར་ཌར་དང་མཇལ་འཕྲད་གནང་ཡོད།
རྒྱ་གར་གྱི་བསམ་ཚུལ་ལ་ཏ་ལི་བྷན་དེ་ཉིད་འཇིགས་སྐུལ་ཚོགས་པ་ཞིག་ཡིན་པ་དང་ཚོགས་པ་དེ་དང་གྲོས་མོལ་ཅི་འདྲ་ཞིག་བྱེད་པ་དེས་འཇིགས་སྐུལ་རིང་ལུགས་ཁྲིམས་མཐུན་བཟོ་རྒྱུ་ཁོ་ན་ལས་མེད་པ་རེད།
མ་ཟིན། པ་དམ་སིང་། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གསར་འགྱུར་དཔྱད་ཞིབ་པ།